Search This Blog

Saturday, April 2, 2011

15 སྨན་སྦྱོར་ནུས་པ་ཕྱོགས་བསྡུས།


༄༅།། སྨན་སྦྱོར་ནུས་པ་ཕྱོགས་བསྡུས་བཞུགས་སོ།།

ཀོ་བྱི་༡༣ ཁྲག་རླུང་སྟོད་གཟེར་དང༌།།  འབམ་རིགས་གྱེན་ལོག་སྟོད་འཁྲུགས་མ་ལུས་སེལ།།  (ཅུང་བསིལ། བཟི་མེད།)
ཀོ་ཁྲག་(ཀོ་བྱི་༡༣ དང་རྒ་ལོ་སྨན་དམར།)སྟོད་བང་སྡེབ་ནས་གཟེར་ལངས་པ།།  དབུགས་བཀག་གློ་ཡིས་བསླངས་རྔམས་པ་དང༌།།  ངན་ཁྲག་སྟོད་དུ་འཚངས་པར་ཕན་པའི་མཆོག། (ཅུང་བསིལ། བཟི་མེད།)
ཀོ་ལ་༡༡ བྱང་ལུགས།  མཆེར་སྟེང་གཟེར་དང་མ་མཆུ་འཕྱངས།།  ལྕེ་དང་མཆུ་ཏོ་སྨུག་པོ་ཆགས།།  ཕོ་བ་ལྕི་ཞིང་སྦོ་འཁརྒ་བྱེད།།  ཁ་ཟས་འཇུ་སྟོབས་ཞན་པར་ཕན།།  (སྙོམས། བཟི་མེད།)
ཀླུ་བདུད་༡༨ ཆུ་སྐོལ་ཚ་མོས་དབུལ།།  མཛེ་དང་གཡན་པ་གླང་ཤུ་དྲེག་ནད་དང༌།།  ཟ་རྐོང་ཕོལ་འབྲས་གཉན་སྲིན་ཡ་མ་སོགས།།  ཆུ་སེར་ཚ་བའི་ནད་རིགས་ཡིན་ནོ་ཅོག། ཁྱད་པར་ཐིག་ནག་འབམ་དང་གྲུམ་བུ་འཇོམས།།  (ཅུང་བསིལ། བཟི་མེད།)
སྐྱུ་རུ་༢༥ ཁྲག་ཤེད་མ་ལུས་གཅོག་པའི་སྤྱི་སྨན་ཡིན།།  གཏར་དགོས་གཏར་མི་རུང་ལ་སྨན་འདི་བསྟེན།།  སྟོད་གཟེར་ཁྲག་འཁྲུགས་ཚ་བ་སྟོད་རྒྱས་དང༌།།  སྨུག་པོ་ཁྲག་རྒྱས་མཆིན་དྲི་རོ་སྟོད་གཟེར།།  བྲང་ཚ་ཆུ་སྐྱུ་རམཁྲིས་པ་རྒྱ་བཤལ་དང༌།།  ཁྲག་རུལ་དུད་ཁུ་སྐྱུག་དང་ཕོ་མཆིན་ན།།  རོ་རྒྱབ་ཚིགས་གཟེར་ཁྲག་མཁྲིས་ཕོ་ལྷུངས་དང༌།།  སྨུག་པོ་རྒྱས་གབ་འཁྲུགས་དང་གནས་ཞེན་དང༌།།  བྱེར་འཐབ་རྙིང་སོགས་འདུས་ནད་སྨུག་པོའི་རིགས།།  སྨུག་པོ་གྱེན་ཐུར་རྡོལ་དང་སྨུག་ཚད་དང༌།།  འགྱིང་འཐབ་སྨུག་སྐྲན་བད་མཁྲིས་རླུང་སོགས་ལ།།  སྐྱུ་རུའི་འཕྲུལ་འཁོར་རིག་པས་བསྐོར་ཤེས་ན།།  ནད་དོ་ཅོག་གི་གཉེན་པོ་ཨ་ཙར་ལུགས།།  (ཅུང་བསིལ། བཟི་མེད།)
སྐྱེར་ཤུན།༨ སྭ་རའི་མྱོང་གྲུབ།  ས་བོན་ཁྲག་དང་བསྡོངས་ཏེ་འཛག་པ་དང༌།།  ཆུ་བཙགས་རྗེས་ལ་ཆུ་ཁ་ཚ་ཙག་བྱེད།།  མདོར་ན་ཁྲག་མཁྲིས་ལས་གྱུར་ཚ་ཙག་ཀུན།།  སེལ་བར་སྨན་མཆོག་འདི་རང་ལྷག་པ་མཐོང༌།།  (བསིལ་ཆེ། བཟི་མེད།)
སྐྱེར་ཁྱུང་། གྲང་བའི་ཁམས་ཀྱི་ཚ་འཛག་དང༌།།  ཁུ་བ་དཀར་དམར་འཛག་དུས་ཆུ་ཁ་ཚ།།  གཅིན་པ་བཏང་རྗེས་ཚ་ཤར་ཆེ་བ་དང༌།།  ཁུ་ཟད་ཁྲག་འཛག་གྲང་བའི་ནད་ལ་ཕན།།  (བསིལ། བཟི་ཅུང་ཡོད།)
སྐྲན་བཤིག་རྡོ་རྗེ་ཕ་ལམ།  ཕོ་བ་སྦོ་ཞིང་ལྡང་དུབ་གྲང་སྲིན་དང༌།།  དམུ་རྫིང་བད་ཀན་ལྷེན་དང་ལྕགས་དྲེག་དང༌།།  གཉན་ནད་ཆུ་སེར་དཀར་ནག་ཀླུ་གདོན་སོགས།།  ཁྱད་པར་གྲང་བའི་སྐྲན་ལ་མཆོག་ཏུ་བསྔགས།།  (དྲོད་ཆེ། བཟི་འབྲིང༌།)

ཁྱུང་ལྔ།  སྲོད་དུས་ལྔ་བདུན་དགུ་རྣམས་རིམ་པས་བཏང༌།།  ཕོ་ལོག་སྲིན་ནད་གཉན་གཟེར་གག་ལྷོག་དང༌།།  ཁྱད་པར་ཆུ་སེར་མཛེ་ནད་འཇོམས་པའི་མཆོག། (སྙོམས། བཟི་ཆེ།)
ཁྱུང་ལྔ་ནཱི་ལས་གཉན་གླང་གཉན་སྐྲངས་དང༌།།  རྩ་དཀར་གཉན་བསྡོངས་མཁལ་མཆིན་རྨ་ཚད་དང༌།།  ཕོ་ལོང་རྒྱུ་མའི་སྲིན་དང་སོ་སྲིན་དང༌།།  ཡ་ཆམ་གག་ལྷོག་དྲེག་གྲུམ་ཆུ་སེར་ནད།།  ཤུ་ཏོར་མེ་དབལ་པགས་པའི་ནད་ལ་བསྔགས།།  (སྙོམས། བཟི་ཆེ།)
ཁྱུང་ལྔ་མཆུ་སྡེར།  རྩ་དཀར་གྲང་ཤས་ཆེ་བའི་རིགས་ཀུན་དང༌།།  ཡན་ལག་རྩ་དང་ཤ་པགས་རུས་ཚིགས་ལ།།  རླུང་ཁྲག་ཆུ་སེར་ཞུགས་པས་འཁྱུག་རེངས་དང༌།།  ཁྱད་པར་རུས་པར་རླུང་ཞུགས་ལྷང་ལྷང་གཟེར།།  ཆ་སེར་རླུང་འདྲེས་རྩ་ཞུགས་ཀུན་ལ་མཆོག། (སྙོམས། བཟི་འབྲིང༌།)

ཁྲག་སྨན་༡༡ ཁ་ཚར་བསྡེབས་པ་ཡིས།།  མིག་ནད་རབ་རིབ་བྱེད་དང་རྐང་ལག་སྦྲིད།།  སྙིང་ག་གཡུགས་ནས་དངངས་སྐྲག་སྐྱེ་བ་དང༌།།  གཉིད་མི་ཁུག་དང་རྣ་འུ་རབཟི་འཁྱོམས་ལངས།།  ཁྲག་ཚིལ་དང་འབྲེལ་སྙིང་ནད་ཕོག་པ་དང༌།།  ཁྱད་པར་ཁྲག་ཤེད་མཐོབ་བའི་ནད་ལ་བསྔགས།།  (བསིལ། བཟི་མེད།)
ཁྲག་རླུང་རི་བོ་ཆུ་འབེབས།  ཁྲག་རླུང་རེངས་འཁུམས་སྟོད་འཁྲུགས་དང༌།།  སྙིང་ཚད་རླུང་ལྡན་ལྦུ་སོབ་ལུ།།  གཉན་ཚད་རླུང་གིས་གཟེར་བ་དང༌།།  སྟོད་སྨད་ཚ་གྲང་མཁལ་རྐེད་ལ།།  མཆོག་ཏུ་ཕན་པ་ལག་ལེན་ཡིན།།  (ཅུང་བསིལ། བཟི་མེད།)
ཁྲག་གཅོད་གུར་གུམ་༨   སྨུག་པོ་གྱེན་དུ་རྡོལ་ལམ་ཐུར་དུ་རལ།།  རྩ་ཆེན་མཚོན་གྱིས་བཅད་དམ་རྣག་ཁྲག་རྡོལ།།  ཁྲག་ཤོར་མ་ལུས་གཅོད་པའི་མན་ངག་ཡིན།།  (ཅུང་བསིལ། བཟི་མེད།)
འཁྲུགས་གློ་ཀུན་སེལ། འགྲམས་ལ་བསྔགས།།  གཞན་ཡང་འཁྲུགས་རྒན་གློ་རོ་ལུད་པ་ལུ།།  ཆམ་གཞུག་ལ་སོགས་ཀུན་ལ་མཆོག་ཏུ་གྱུར།།  (ཅུང་བསིལ། བཟི་མེད།)

གུ་ཡུ་༢༨ འབྲས་བུ་སྐྲངས་པ་དང༌།།  དཀར་དམར་གྲང་བ་འཛག་པའི་ནད་རིགས་དང༌།།  མཁལ་མའི་དྲོད་ཤོར་དཔྱི་མིག་གཟེར་ལ་བསྔགས།།  (དྲོད་ཆེ། བཟི་མེད།)
གུ་ཡུ་བདེ་དཔག  བུ་རམ་གྱིས།།  མགོ་བསྡུས་རིལ་བུས་ཚེ་སྟོབས་མདངས་གསལ་བསྐྱེད།།  རོ་ཙའི་མཆོག་གྱུར་ཡོན་ཏན་དཔག་ཡས་སོ།།  (དྲོད་ཆེ། བཟི་མེད།)
གར་ནག་༡༠   རླུང་དང་མ་ཞུ་བད་སྐྲན་ལ་སོགས་པ།།  གཞན་དབང་ལྡན་པའི་མཁྲིས་ཀུན་འདི་ཡིས་སེལ།།  མ་ཞུ་མཁྲིས་སྐྲན་ནད་ལ་ཤིན་ཏུ་བསྔགས།།  ཁྱད་པར་གྲང་མཁྲིས་འཇོམས་པའི་སྨན་མཆོག་ཡིན།།  (དྲོད་ཆེ། བཟི་མེད།)
གུར་ཁྱུང་ཕྱག་རྡོར།  ཡ་མ་དཀར་ནག་ཁྲ་གསུམ་དྲེག་གྲུམ་དང༌།།  མཁལ་ནད་གསར་རྙིང་རྙོགས་པའི་ཚ་བ་དང༌།།  ཆུ་སེར་དཀར་ནག་རེག་དུག་གཉན་དང་ཁྲག། རྩ་དཀར་ནག་དང་གཟའ་ནད་མཛེ་ཀུན་སེལ།།  (བསིལ། བཟི་ཅུང་ཡོད།)
གུར་མཆོག་༧ མཆིན་ནད་གསར་རྙིང་དང༌།།  མཆིན་པ་བསྣད་འགྲམས་ཁྲག་རྒྱས་མིག་སེར་སེལ།།  (བསིལ། བཟི་མེད།)
གུར་གུམ་༡༣ མཆིན་རྒུད་སྦྱར་དུག་དང༌།།  མཁལ་མ་བསྣད་འགྲམས་ཆུ་སྲི་ཚ་སྦོས་དང༌།།  ཡ་མ་ནག་པོའི་སྲིན་ནད་སེལ་བར་བྱེད།།  (ཅུང་བསིལ། བཟི་མེད།)
དགའ་བ་༡༦  ཡ་མ་དཀར་ནག་ཁྲ་གསུམ་དྲེག་གྲུམ་དང༌།།  མཁལ་ནད་གསར་རྙིང་རྙོགས་ཚད་རེག་པའི་དུག། ཆུ་སེར་དཀར་ནག་རྩ་དཀར་གཟའ་ཡི་ནད།།  ཁྱད་པར་སྲིན་འབུ་འཁྲུགས་པའི་ནད་ལ་བསྔགས།།  (བསིལ་འབྲིང༌། བཟི་མེད།)
འགག་སེལ་༨  དྲི་མ་འགག་དང་ཐུར་སེལ་གྱེན་དུ་ལོག། བུ་དང་ཤ་མ་ཐོགས་པ་ལ་སོགས་པ།།  སྨན་འགག་ཚ་གྲང་མེད་སེལ་ལུས་བདེ་སྟེར།།  (སྙོམས། བཟི་མེད།)
གྲུབ་ཐོབ་རིལ་དཀར།  སྨན་རྟ་ཆུ་ཁོལ་ཚ་མོས་འཕུལ།།  དྭངས་མ་མ་ཞུ་མཆིན་པར་ཁྲག་ངན་རྒྱས།།  དེ་དག་ཕོ་ལྷུང་བད་ཀན་དང་འདྲེས་པ༌།།  ཕོ་བའིརྩི་ཉམས་ཁྲག་རུལ་སྐྱུག་དང་འཁྲུ།།  ཡང་ན་སྨུག་པོའི་ངན་ཁྲག་གློར་བྱེར་བས།།  གློ་ལངས་ལུད་པ་ལྗན་ལྗིན་གོག་པ་དཀའ།།  བྲང་བསྡམ་སྐད་འཛེར་དབུགས་མི་བདེ་བ་སེལ།།  (ཅུང་བསིལ། བཟི་མེད།)
རྒྭ་ལོ་བ་ཡི་སྨན་དམར།  བད་ཁྲག་ནད་ལ་མཆོག་ཏ་བསྔགས།།  ཁྱད་པར་མན་ངག་ཁ་ཚར་གྱིས།།  གཏར་དགོས་གཏར་མི་རུང་བ་དང༌།།  བད་ཁྲག་བྱེར་བའི་གློ་ནད་དང༌།།  སྨན་རྟ་ཆང་གིས་བྱས་གྱུར་ན།།  རིམས་མཇུག་ལུད་པ་བཅོས་རྡུགས་སེལ།།  (ཅུང་བསིལ། བཟི་མེད།)
རྒྭ་སྤང་བད་ཁྲག་བད་གློ་བསྡོང་པས་ན།།  བྲང་ཚ་ལངས་ཤིང་གྲེ་བ་ཚ་སྐམ་བྱེད།།  གློ་ལུ་བད་རླུང་སྟོད་ཁེངས་དབུགས་མི་བདེ།།  སྐད་འགགས་བད་ཚད་ཁྲག་གཟེར་རྒྱས་པར་ཕན།།(ཅུང་བསིལ། བཟི་མེད།)
རྒུན་འབྲུམ་༧  གློ་ཡི་ནད་དང་དབུགས་མི་བདེ་བ་སེལ།།  (སྙོམས། བཟི་མེད།)
རྒྱ་རུ་༡༤  ཁྲག་ཚབས་རྐེད་རུས་རྒྱུ་ཞབས་གཟེར།།  དབུགས་སྣ་ཐུང་ཞིང་སྟོད་གཟེར་སོགས།།  མངལ་སྐྱོན་ཁྲག་ཚབས་མལུས་སེལ།།  (བསིལ་ཆེ། བཟི་མེད།)
བརྒྱད་ལྔ་ཕོ་བའི་མེ་རླུང་ཉམས་པས་ན།།  ཕོ་བ་སྦོས་བརྒྱངས་བྱེད་ཅིང་འགག་དྲི་བརྒྱབ།།  ཁ་ཟས་ཟོས་མ་ཐོག་ཏུ་བདེ་སྙམ་བྱེད།།  ཐུན་ཆུང་ཡུན་བསྟེན་ཕོ་རླུང་སྐྲན་ནད་འཇོམས།།  (ཅུང་དྲོད། བཟི་མེད།)
གློ་ཚད་ཀུན་སེལ་གཉ་ཚད་གློ་ཚད་སེལ།།  བྱིས་པའི་དུས་སུ་གསུངས་ཀྱང་ཀུན་ལ་བསྔགས།།  (བསིལ་ཆེ། བཟི་མེད།)
གྷི་ཝཾ་༩  མཆིན་པ་བསྣད་འགྲམས་མཆིན་ཁྲག་རྒྱས་པ་དང༌།།  མཆིན་ཚད་བད་ཀན་སྨུག་པོ་རྒྱས་པ་སེལ།།  (བསིལ་ཆེ། བཟི་མེད།)
གྷི་ཁྱུང་དོན་སྣོད་འགྲམས་ལ་མཆོག་བསྔགས་པ།།  བརྡབས་དང་གཡང་ལྷུང་གཞུ་སྲན་བཀང་བའི་འགྲམ།།  མཆིན་མཆེར་ཁྲག་མཁྲིས་ཕྱི་ནང་འགྲམ་གྱི་གཟེར།།  སྨན་ནད་ཐོན་ངེས་བཏང་བས་མྱོང་གྲུབ་ཡིན།།  (བསིལ། བཟི་འབྲིང༌།)
གྷི་ཏིག་ཚད་མཁྲིས་རྒྱས་དང་མགོ་གཟེར་དང༌།།  མིག་ཆུ་སེར་ཞིང་ཡིད་རྨུགས་ཚ་བས་འཐོམ།།  གྲང་ཁུམ་འདར་ཡམ་མི་བཟོད་ཚིགས་གཞི་ན།།  མཆིན་འགྲམས་ཁྲག་རྒྱས་བད་སྨུག་གཡལ་ལས་རྒྱལ།།  (བསིལ་ཆེ། བཟི་མེད།)
གྷི་ཙན་མཆིན་ཁྲག་རྒྱས་ཤིང་རྩིབ་ལོགས་གཟེར།།  སྟོད་ན་གློ་མང་གཉན་ནད་གློ་མཆིན་བབས།།  གློ་ཚད་རྐྱེན་གྱིས་ཁྲག་ལུ་ཟུག་གཟེར་འཇོམས།།  (བསིལ་ཆེ། བཟི་མེད།)

དངུལ་ཆུ་༡༨  མཛེ་ནད་གཉན་སོགས་ཀུན་དང་གྲིབ་ལ་བསྔགས།།  (བསིལ། བཟི་ཆེ།)
དངུལ་ཆུ་རིན་ཆེན་༡༨ མཛེ་ཡི་ནད་འཇོམས་ཆུ་སེར་རྩད་ནས་སྐེམས།།  (བསིལ། བཟི་འབྲིང༌།)

ཅུ་གང་བདེ་བྱེད་སྐབས་བསྟུན་སྨན་རྟས་འཕུལ།།  གློ་དང་ཚད་པ་ཆུ་རིགས་ལྡན་ཚད་འབྱེད།།  (སྙོམས། བཟི་མེད།)
ཅུ་གང་༢༥ གློ་ནད་གློ་གཟེར་ཁྲག་ཏུ་ལུ་བ་དང༌།།  གྱེན་ལ་མི་འཕེར་གློ་བརྒྱལ་ཆེ་བ་དང༌།།  རོ་སྟོད་ཚ་ཁག་ཆམ་རྒན་རུས་ཞེན་དང༌།།  གློ་བར་ཚད་པ་ཞུགས་པའི་ནད་རིགས་སོགས།།  མདོར་ན་བྱང་ཁོག་སྟོད་ཀྱི་ཚད་པ་སེལ།།  (ཅུང་བསིལ། བཟི་མེད།)
ཅོང་ཞི་༦ ཆུ་སྐོལ་ཚན་མོས་དབུལ།།  བད་ཀན་བྲང་ཚ་ཆུ་ཚན་སྐྱུགས་པ་འཇོམས།།  (སྙོམས། བཟི་མེད།)
ཅོང་ཞི་༢༡ (སྨུག་པོ་གཡུལ་རྒྱལ་)  ཞལ་ཤེས་བཞིན་དུ་མ་ནོར་བསྟེན་གྱུར་ན།།  བྲང་ཚ་ཆུ་སྐྱུར་མཁྲིས་པ་རྒྱ་བཤལ་སྐྱུག། ཕོ་མཆིན་རོ་རྒྱབ་སྦྲགས་ཤིང་ཚིགས་པ་ན།།  ཁྲག་མཁྲིས་ཕོ་བར་ལྷུང་ངམ་སྟོད་དུ་གཟེར།།  སྨུག་པོ་རྒྱས་དང་གབ་ཅིང་འཁྲུགས་པ་དང༌།།  རང་གཞན་གནས་སུ་ཞེན་ཅིང་རྙིང་པ་སོགས།།  འདུས་ནད་སྨུག་པོའི་རིགས་ཀྱི་སྨན་གཅིག་ཡིན།།  (ཅུང་བསིལ། བཟི་མེད།)
ཅོང་ཏིག  མགོ་ནད་ཞེ་མེར་ལངས།།  ཁ་ཁ་བྲང་ཚ་མཁྲིས་སྐྱུགས་ལ་སོགས་དང༌།།  ཁྱད་པར་སྨུག་པོ་མཁྲིས་ཤས་ཆེ་བར་ཟབ།།  (སྙོམས། བཟི་མེད།)
གཅིན་སྙི་སྐྱུ་རུ་༦།  མཁལ་རྐེད་ན་ཞིང་ལུས་སྨད་དྲོད་ཚད་ཆུང༌།།  ཁ་ཟས་མི་འཇུ་མལ་གཅིན་ཤོར་བ་དང༌།།  གཅིན་ཁ་སྙི་ཞིང་གཅིན་མདོག་རྙཽག་ཅན་འབྱུང༌།།  ཉིན་གཉིད་ཆེ་ལ་གཅིན་སྙིའི་རྨ་ཐོར་རིགས།།  མདོ་རན་གཅིན་སྙི་ཟ་ཁུའི་ནད་ལ་བསྔགས།།  (ཅུང་བསིལ། བཟི་མེད།)
གཅིན་སྙི་ཨ་རུ་༡༨  མཁལ་ནད་རྩ་ནད་རྩ་འགྲམས་དང༌།།  གཅིན་སྙི་ཟ་ཁུའི་ནད་རྣམས་དང༌།།  ཁྱད་པར་ས་བོན་འཛག་པ་གཅོད་པའི་མཅོག། (བསིལ། བཟི་མེད།)
དཔའ་བོ་༡༤  གཉན་ཚད་རིམས་ལས་གྱུར་པ་སྤྱི་ཁྱབ་དང༌།།  ཁྱད་པར་ཆམ་པའི་རིགས་ཀུན་དྲུང་ཕྱུངས་པའི།།  གསང་བའི་སྨན་གཅིག་གདམས་པ་ཟབ་མོ་ཡིན།།  (ཅུང་བསིལ། བཟི་ཅུང་ཡོད།)

འཆི་མེད་སྲིན་སེལ།  མགོ་སྲིན་སོ་སྲིན་ཁོང་སྲིན་དང༌།།  གཞང་སྲིན་ལྤགས་སྲིན་ལ་སོགས་པ།།  ཚ་སྲིན་གྲང་སྲིན་བརྟག་མི་དགཔས།།  སྲིན་གྱི་གྲོང་ཁྱེར་ཀུན་འཇོམས་ཤིང༌།།  མཆོག་ཏུ་གཉན་སྲིན་གླང་ཐབས་སེལ།།  (ཅུང་བསིལ། བཟི་ཅུང་ཡོད།)
འཆི་མེད་ཨ་བརྒྱད་སྟོད་འཚང་འཕྲལ་དུ་སེལ།།  སྟོད་ཀྱི་རྗལུང་ཁྲག་འཁྲུགས་པ་ལས་གྱིར་པའི།།  ནད་རིགས་ཀུན་སྦྱར་བདུད་རྩི་རྡཱི་སྦྱར་དགེ།།  (ཅུང་བསིལ། བཟི་མེད།)

ཉི་ཁྱུང་གྲང་བ་སྨད་བྱེར་གཉན་གཟེ་འཇོམས།།  (དྲོད། བཟི་ཅུང་ཡོད།)
གཉེན་པོ་༡༨  མཁལ་ཚད་བྱེརའགྲམས་ཆུ་སྲི་རྐེད་པ་འཁོར།།  རུག་རིགས་མཆིན་ཚད་མོ་ནད་ཁྲག་ཚབས་སོགས།།  རྩ་དཀར་ཁྲག་ནད་མཁལ་རྩ་སྨད་འགྲམས་པ་སེལ།།  (ཅུང་བསིལ། བཟི་མེད།)

ཏིག་ཏ་༨  མཁྲིས་ཚད་མིག་ཆུ་ཤ་གདངས་སེར་བ་འཇོམས།།  (བསིལ་ཆེ། བཟི་མེད།)
ཏིག་ཏི་༢༥  ནད་གཞི་སྣོད་མཁྲིས་ལས་སྐྱེས་པའི།།  མཁྲིས་ནད་ཚ་གྲང་མ་ལུས་སེལ།།  (སྙོམས། བཟི་མེད།)
རྟ་ཟི་དམར་པོ། རྟ་མགྲིན་བསྐྱེད་བཏང་གཉན་བསྡོངས་པའི།།  བལ་ནད་འབྲུམ་པ་རྒྱུགས་འགྱེལ་དང༌།།  མིག་སེར་གག་ལྷོག་གཉན་སྐྲངས་སོགས།།  ཚད་རིམས་བཟི་བརྒྱ་རྩ་བཞིའི་ནད།།  ཐམས་ཅད་སེལ་བ་ཐེ་ཚོམ་མེད།།  སྐབས་མཚམས་ཐང་གིས་ཁ་བསྒྱུར་བྱ།།  (བསིལ་ཆེ། བཟི་ཆེ།)
སྟར་བུ་༡༩ མ་ཞུ་བད་ཀན་དང་ག་མི་བདེ་ཞིང༌།།  ཁ་ཟས་མི་འཇུ་ཕོ་བ་སྦོས་ཤིང་སྒྲེག། ཁྱད་པར་མོ་ནད་ཁྲག་ཚབས་ཁྲག་སྐྲན་སེལ།།  (སྙོམས། བཟི་མེད།)
སྟར་བྱང་། གཡང་ལྷུང་རྡོ་དབྱུག་ཕོག། དབུགས་མ་ཐོན་དང་ཁྲག་རླུང་སྟོད་འཚངས་དང༌།།  ངན་ཁྲག་སྟོད་ལྷུང་སྨུག་པོ་འགྱིངས་འགྲིལ་དང༌།།  མ་ཞུ་སྐྲན་དང་ཤ་དུག་བཙན་དུག་སོགས།།  མ་ལུས་སེལ་བྱེད་ནད་བརྒྱ་སྨན་གཅིག་ཡིན།།  (སྙོམས། བཟི་མེད། སྦྱོར་ཚད་ནི། བུལ་ཏོག་ཆུ་བཅད་རྒ་རཾ་༡༠༠ སྟར་བུའི་ཁཎ྄ཌ་ཡིན་ན་རྒ་རཾ་༡༠ སྦྱར་དགོས་པ་ཡིན།)

ཐང་ཆེན་༢༥  དུག་དང་སྨུག་པོ་ཚད་རྙིང་བྱེར་བ་སྡུད།།  འདུ་བ་ཚ་གྲང་སྙོམས་ལ་དང་ག་འབྱེད།།  རླུང་མི་སྐྱེ་ལ་བད་ཀན་མཁྲིས་པ་སེལ།།  སྦྱིར་བའིརྒྱལ་པོ་གདོང་ནག་མཁས་པའི་ལུགས།།  ཐང་དུ་གསུངས་ཀྱང་ཕྱེ་རིལ་ཆུ་སྐོལ་དབུལ།།  འདུས་རྟགས་ལུས་ལྕི་ཁ་སྐམ་དང་ག་འགག། ཕོ་བ་ན་ལ་རྩ་ཆུའི་ཚ་བ་སྐྱེ།།  དེ་དུས་དངོས་གཞིའི་སྤྱི་སྨན་གང་འོས་བསྟེན།།  (ཅུང་བསིལ། བཟི་མེད།)

ད་ཏྲིག་༢༥ གངས་ཆུས་འཕུལ།།  ཚད་པ་རྒྱུ་མར་བབས་པའི་རིགས།།  དམར་བཤལ་རྒྱུརིམས་རྒྱུ་རྒན་དང༌།།  སྨུག་པོ་ཐུར་བབས་ཚ་འཁྲུ་དང༌།།  གཉན་ནད་རྒྱུ་གཟེར་ལ་སོགས་པ།།  རྒྱུ་ལོང་ནད་གྱུར་ཁྲག་བཤལ་རིགས།།  དམར་སེར་སྐྱ་སོགས་འཁྲུ་བ་གཅོད།།  (བསིལ་ཆེ། བཟི་མེད།)
དྭ་ལིས་༡༨  སྤྱིར་རྩ་དཀར་ནད་དུ་གྱུར་པ་དང༌།།  སྒོས་སུ་ཡན་ལག་ཞ་སྦྲིད་སྐམ་པ་སོགས།།  ནད་ཀུན་སེལ་བྱེད་སྨན་གྱི་ནོར་བུ་ཡིན།།  (སྙོམས། བཟི་མེད།)
དྭ་ལིས་༡༦  སྦྲང་དང་བུ་རམ་རྟར་སྐྱོན་པས།།  སྨན་ནུས་མྱུར་དུ་འབྱིན་པར་བྱེད།།  མ་ཞུ་གླང་ཐབས་ཕོ་བ་སྦོས།།  ཚ་གྲང་འཐབ་པའི་ནད་རྣམས་དང༌།།  སྟོད་འཚངས་བད་རླུང་མགོ་འཁོར་དང༌།།  གློ་ལུ་སྐད་འགག་ལུས་པོ་སྐྲངས།།  སྐྱ་རྦབ་ས་ཆུ་མི་ཐུབ་པར།།  སླེབ་པས་ཆོག་པ་མྱོང་བྱང་ཡིན།།  (སྙོམས། བཟི་མེད།)
དྭགས་སྨན་༡༥ ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ།།  ཁྱད་པར་ཕོ་གཅོང་ནད་ལ་ཤིས།།  བད་ཀན་སྨུག་པོ་ཁྲག་སྐྱུག་དང༌།།  རྒྱུ་ནད་རྟག་ཏུ་འཁྲུ་བ་དང༌།།  སྒྲེག་པ་མང་ཞིང་ཟས་མི་འཇུ།།  ཕོ་བ་སྔ་འཁྲོག་བྱེད་པ་དང༌།།  ཕོ་ལོག་ཕོ་བ་སྤུ་བྱི་དང༌།།  ཕོ་སུལ་ལྕགས་ཀྱི་དྲེག་ཆགས་དང༌།།  ཕོ་བ་དུག་ཐབས་མཆིན་ནད་དང༌།།  མཆིན་པ་སྐྱེས་དང་འཕྱང་བ་དང༌།།  མཆིན་ཆུ་བླུགས་ཤིང་སྒྲེག་པར་བཅས།།  རྒྱུ་གཟེར་གྲོལ་མ་གླང་ཐབས་རིགས།།  འདྲིལ་བཅས་དྲུ་གུ་བསྒོང་བ་སོགས།།  མདོར་ན་ཕོ་ལོང་རྒྱུ་གཅོང་ལ།།  སྨན་མཆོག་འདི་ལས་ལྷག་པ་མེད།།  རྣོ་བ་སྤུ་གྲིས་གཅོད་དང་མཚུངས།།  སྨན་ནག་ཐུགས་ཀྱི་དཀྱིལ་དུ་ཆོངས།།  (དྲོད་ཆེ། བཟི་མེད།)
བདུད་ཏིག་(བདུད་རྩི་༣སྦྱོར་དང་ཏིག་༨)སྟོད་གཟེར་ཁྲག་མཁྲིས་སྣོད་ལྷུང་དང༌།།  བད་ཁྲག་ཞེན་པས་བྲང་ཚ་ཆུ་སྐྱུར་དང༌།།  ཟས་མི་ལེན་ཞིང་ད་ག་འགགས་པ་སོགས།།  མྱུར་དུ་འབྱེད་ཅིང་དབང་གསལ་རོ་རྙེད་འགྱུར།།  (སྙོམས། བཟི་མེད།)
བདུད་རྩི་འཆི་སོས།  གློ་གསར་གློ་རྙིང་གློ་ལུ་དང༌།།  དྲི་མི་ཞིམ་པའི་གློ་ནད་དང༌།།  སྐྱ་གསོབ་རྣག་ཏུ་ལུ་བ་ལ།།  བདུད་རྩི་འདྲ་སྟེ་ཤིས་པ་ཡིན།།  (ཅུང་བསིལ། བཟི་མེད།)
བདུད་རྩི་༣ སྦྱོར།  ཞིབ་བཏགས་གར་ཆང་རྟ་ལ་བསྐྱོན།།  སྟོད་དུ་བད་ཁྲག་རྒྱས་པ་དང༌།།  སྨད་དུ་མཆིན་ཁྲག་ལྷུང་བ་དང༌།།  བྲང་ཚ་ཆུ་སྐྱར་སྐྱུགས་པ་དང༌།།  མགོ་དང་ཡན་ལག་ལ་སོགས་ཀྱི།།  རུས་ཆག་ལུགས་སུ་འཛུད་པ་དང༌།།  བད་མཁྲིས་ཟ་ཁུ་གཅོད་པའི་མཆོག། (ཅུང་བསིལ། བཟི་མེད།)
བདུད་རྩི་༡༡ སྙིང་རླུང་ནད།།  ནུ་མཆིན་གཟེར་ཞིང་བད་རླུང་མགོ་ནད་དང༌། བད་ཁྲག་བྲང་ཚ་ཆུ་སྐྱུར་ལངས་པར་ཕན།།  (སྙོམས། བཟི་མེད།)
བདུད་རྩི་༥ ལུམས།  ལས་སྤྱིའི་འདུ་བ་སྙོམས་བྱེད་ཅིང༌།།  དྲེག་གྲུམ་ཡན་ལག་རེངས་འཁུམས་སྐྱོན།།  ཀོ་ལེར་ངན་ཁྲག་འདོན་པའི་མཆོག། དུག་དང་ཚ་བ་རྙིང་རྙོགས་སོགས།།  ཤ་པགས་རྩ་རུས་ལ་ཞེན་པ།།  མ་ལུས་བ་སྤུའི་བུ་གར་འདྲེན།།  (སྙོམས། བཟི་མེད།)
བདུད་རྩི་རིལ་དཀར།  མ་ཞུ་འཇུ་ཞིང་ཕོ་བའི་མེ་དྲོད་སྐྱེད།།  ལྷེན་དང་སྐྲན་བཤིག་བད་ཀན་ལྕགས་དྲེག་འགོག། སྐྱ་རྦབ་འཇིལ་ཞིང་འོར་དང་དམུ་ཆུ་སྐེམ།།  གྲང་སྲིན་གླང་ཐབས་ནད་ལ་བདུད་རྩི་འདྲ།།  (དྲོད་ཆེ། བཟི་མེད།)
བདེ་སྙོམས། བད་ཀན་ལྡན་འདུས་ནད་རིགས་མཐའ་དག་ལ།།  ཕྱི་ཡི་ནད་ནི་སྦྲུལ་ཤུན་ལྟ་བུར་འབྱེད།།  ནང་ནད་བ་མོར་ཉི་ཤར་ཉིད་ང་མཚུངས།།  (དྲོད་ཆེ། བཟི་མེད།)
བདེ་མྱུག  ཁྲག་མཁྲིས་ཕོ་བར་ལྷུང་པ་དང༌།།  སྨུག་པོ་ཁྲག་སྐྲན་འདྲིལ་བ་དང༌།།  མེ་ཉམས་མ་ཞུ་གསར་རྙིང་སོགས།།  ཕོ་ནད་ཚ་གྲང་མཐའ་དག་སེལ།།  (སྙོམས། བཟི་མེད།)        
ཡ་སྨན་རྡོ་རབ།  ཡིང་ཏོག་ཤ་འཛར་ན་བ་འཇོམས།།  ཁྲག་རླུང་འཁྲུགས་པའི་ནད་རྣམས་དང༌།།  ཡ་མ་དཀར་ནག་ཁྲ་གསུམ་ལ།།  རྡོ་རྗེ་ཕ་ལམ་བཞིན་དུ་འཇོམས།།  རིལ་བུ་ཕྱེ་མ་གང་ཡང་རུང༌།།  ཟུར་མཁར་མཁས་པའི་ཟབ་ཁྱད་ཡིན།།  ཨེ་མ་འདི་འདྲ་ངོ་མཚར་ཅན།།  (ཅུང་བསིལ། བཟི་ཅུང་ཡོད།)
རྡོ་ཁྲག་(རྡོ་རབ་དང་རྒ་ལོ་སྨན་དམར།)ཡ་མ་ཁྲག་བསྡོངས་མགོ་སྲིན་ནད།།  མགོ་གཟེར་སྣ་འགགས་སྣ་ནས་ཁྲག་རྣག་འཛག། མིག་རིམས་ནད་ཀྱི་དམར་ཚག་ལུང་ཏོག་སེལ།།  (ཅུང་བསིལ། བཟི་ཅུང་ཡོད།)
རྡོ་རྗེ་ཁྲག་རིངས།  ཕོ་ལོང་སྲིན་གྱི་གཉན་གཟེར་དང༌།།  གག་ལྷོག་ཆུ་སེར་མཛེ་ཡི་ནད།།  ཁྱད་པར་རྨེན་བུའི་གཉན་འབྲས་སེལ།།  (བསིལ་དྲོད་སྙོམས། བཟི་འབྲིང༌།)

ནག་མཚུར་༣ ཐང་། མཁུར་བཀང་ཁ་ཡི་ཁྲག་ནད་ཟུག་གཟེར་འཇོམས།།  (བསིལ། བཟི་མེད།)
ནོར་བུ་༧ ཐང་། བསྡུས་གྲང་བཏང་བ་ཡིས།།  ཕན་ཡོན་ཁྲག་དང་རླུང་དང་འཁྲུགས་གསུམ་ལ།།  ཆུ་དྭངས་ནོར་བུ་ཆུ་སྟེང་བཞག་པ་བཞིན།།  དེ་རྣམས་རང་བཞིན་དྭངས་པར་འགྱུར་པ་ཡིན།།  དེ་ཕྱིར་འདི་མིང་ནོར་བུ་ཆུ་དྭངས་ཟེར།།  འདི་ལ་སྨིན་སྡུད་གསོད་པ་གསུམ་ཀ་ཚང༌།།  དེ་ལྟར་ཐང་ནི་ལན་འགའ་བསྟེན་པ་ཡིས།།  ཚ་བ་ཆུང་ངུ་ལམ་ནས་ཟློག་ཀྱང་སྲིད།།  (ཅུང་བསིལ། བཟི་མེད།)
རྣམ་རྒྱལ་གསེར་མདོག  མཁྲིས་སྲིན་དུག་ཐབས་བད་མཁྲེས་མགོ་ནད་དང༌།།  ཕོ་བ་རྒྱུ་མར་ཁྲག་མཁྲིས་ལྷུང་བ་དང༌།།  སྣོད་ཀྱི་མཁྲིས་སྐྲན་མ་ཟུ་མིག་སེར་སེལ།།  ཁྱད་པར་ཡ་མ་ནག་པོའི་ཚད་ནད་འཇོམས།།  ཤ་ཡ་མིག་སེར་ཀྵ་ཡ་ནག་པོ་དང༌།།  མཆིན་པའི་གཉན་ཚད་འཇོམས་པར་མཆོག་ཏུ་བསྔགས།།  (བསིལ་དྲོད་སྙོམས། བཟི་ཅུང་ཡོད།

པད་རག་མདོག་ལྡན།  ཚ་འཛག་གྲག་འཛག་གྲང་འཐབ་དང༌།།  འགྲམས་ཁྲག་སྨད་དུ་ལྷུང་བ་དང༌།།  གཅིན་ཁ་སྙི་དང་འཆོར་བ་སོགས།།  མཁལ་མའི་འགྲམས་ལ་འདི་རང་ཟབ།།  (ཅུང་བསིལ། བཟི་མེད།)
སྤང་རྒྱན་༡༥   ཆམ་ཚད་གྲེ་བར་བབས་པས་དབུགས་མི་བདེ།།  བད་རླུང་སྟོད་དུ་འཁྱིམས་དང་གཟེར་ཆེན་དང༌།།  ཁྱད་པར་བད་ཚད་སེལ་བར་འདི་རང་བསྔགས།།  (ཅུང་བསིལ། བཟི་མེད།)
སྤང་རྩི་༡༢ སྟོད་ལུགས།  གཉན་ཚད་མ་ལུས་གསོད་པར་བྱེད་པའི་མཆོག། རིམས་ནད་སྟོབས་ཆེན་འཇོམས་པའི་གཉེན་པོ་ཡིན།།  (བསིལ། བཟི་ཆེ།)
སྤང་ཁྲག་༡༢ (སྤང་རྩི་༡༢ དང་རྒ་ལོ་སྨན་དམར།)གཉན་ཚད་ཁྲག་དང་བསྡོངས།།  ལུས་འདར་གྲང་ཤུར་ཆེ་ལ་མགོ་བོ་གཟེར།།  མཚན་གཉིད་མི་ཁུག་ཉིན་མོ་གཉིད་ཆེ་ལ།།  རྐང་ལག་ཚ་ཚིགས་ལུས་ཀུན་རུས་ཟུག་ཆེ།།  གཉན་རིམས་གཉན་སྐྲངས་རྨ་ཤུ་ཡ་མའིརིགས།།  ལྷག་པར་མིག་ནད་དམར་ཚག་སྐམ་ཚག་སེལ།།  (བསིལ། བཟི་ཆེ།)
སྤོས་དཀར་༡༠ དྲེག་གྲུམ་བུ།།  ཆུ་སེར་ཀོ་ལེར་ཚ་འཁྱུག་འཇོམས།།  (ཅུང་བསིལ། བཟི་མེད།)
སྤོས་ཁྱུང་༡༥  དྲེག་གྲུམ་ཆུ་སེར་རྐང་འབམ་ཞ་རེངས་འཁུམ།།  གཉན་རིགས་སྐྲངས་པོ་མཛེ་རིགས་བཅོ་བརྒྱད་འཇོམས།།  (བསིལ། བཟི་འབྲིང༌།)
སྤྲིན་བྲལ་ཟླ་ཟེར་(བསིལ་སྦྱོར་) དོན་སྣོད་ཁྲག་མཁྲིས་འཁྲུགས་ཚད་གསར་རྙིང་འཇོམས།།  (བསིལ། བཟི་མེད།)

ཕག་མོ་གྲུ་པའི་སྦྱོར་བ་འདིས།།  ཕན་ཡོན་ལྷེན་སྐྲན་མ་ཞུ་དང༌།།  དབ་ཀན་སྐྱ་སྨུག་སྦོས་འགྲིལ་སྐྱུགས།།  མདོར་ན་ཚད་རིམས་གསར་མ་གཏོགས།།  མ་ལུས་བ་མོར་ཉི་ཕོག་བཞིན།།  སྟོབས་འཕེལ་མདངས་རྒྱས་བཅུས་ལེན་གྱུར།།  (དྲོད། བཟི་མེད།)
ཕན་པ་ཀུན་ལྡན།  གག་ལྷོག་དང་ནི་འཁྱམས་པོ་དང༌།།  ལོག་འཁྲེབས་ཁོང་ཤོར་ཕྱིའི་ཆུ་འཐབ།།  ཡ་མ་ཁ་མེད་གཉན་དང་ནི།།  ལྕེ་འབམ་འཇོམས་ཤིང་ཁྱད་པར་དུ།།  སྨན་བཏང་གཉིད་ལོག་རྣག་ཏུ་ཁུག། (བསིལ་ཆེ། བཟི་ཆེ།)
ཕྱོགས་ཀྱི་རྩེ་མོ།  མཁྲིས་ཚད་མིག་ཆུ་ཤ་མདངས་སེར་བ་འཇོམས།།  ཁྱད་པར་མཆིན་པའི་གཉན་ཚད་ནད་ལ་བསྔགས།།  (བསིལ། བཟི་ཅུང་ཡོད།)
འཕྲུལ་ཐལ་རིལ་བུ་གདུས་ཁུ་བཏང་བ་འདིས།།  རླུང་ཁྲག་སྟོད་འཚངས་རིགས་ངད་ལྷག་པར་དུ།།  རིམས་ཚད་གཉན་སོགས་སྨིན་སྡུད་བྱེད་པ་ཡིན།།  གློ་མང་སྐོམ་ཚད་ཆེ་ལ་རླུང་ཚད་སྐྱེས།།  ཁྱབ་བརྡལ་རང་བཞིན་ཆམ་རིམས་སྔོན་འགོག་ཐུབ།།  མདོར་ན་སྣེ་མང་འདྲེས་པའི་ནད་ལ་བསྔགས།།  (བསིལ། བཟི་མེད།)

བི་མ་ལ།  རྒྱ་གར་གི་མ་མི་ཊ་ཡི།།  གསོ་དཔྱད་བརྒྱད་ཁྲི་བཟི་སྟོང་ལས།།  ཁྱད་པར་སྙིང་རླུང་བཅོས་ཐབས་ནི།།  འགོང་པོ་སྤུན་དགུ་དར་བའི་དུས།།  ནད་འདིས་མ་བཏབ་གཅིག་མི་འབྱུང༌།།  རྟགས་ནི་སྙིང་མི་དགའ་བ་དང༌།།  ཤེས་པ་འཕྱོ་ཞིང་བློ་འཚུབས་དང༌།།  རོ་སྟོད་རྒྱབ་མདུན་གཟེར་ཞིང་འཐབས།།  དྲན་པ་མི་གསལ་བརྗེད་ངས་ཆེ།།  ཡིད་མུག་ག་ཆད་སྡོད་མི་ཚུགས།།  ཞེ་སྡང་བྱིང་རྒོད་དབུགས་སྣ་ཐུང༌།།  ཚབས་ཆེན་བརྒྱལ་སོགས་ནད་ལ་ཕན།།  (སྙོམས། བཟི་མེད།)
བྱ་ཁུད་བདུད་རྩི་༣ སྦྱོར།  མགོ་བོའི་རྨ་རིགས་ཆེ་ཆུང་མཐའ་དག་ལ།།  དྲས་འཆོས་མེ་གཞོབ་ལ་སོགས་མི་དགོས་པར།།  ཟླུམ་འཆོས་སྨན་གྱིས་ཚེགས་མེད་གསོ་བར་ནུས།།  (ཅུང་བསིལ། བཟི་མེད།) 
བྱ་ཁྱུང་། (བྱ་ཁུད་ཁྱུང་བསྣན) བརྡབས་ཆག་རྨ་རིགས་དང༌།།  གཉན་སྐྲངས་རུས་ཟུག་འཇོམས་ཤིང་གཉན་ཚད་གཅོག། (བསིལ། བཟི་ཅུང་ཡོད།)     
བྱུགས་སྨན་བྱ་སྔོན། (བྱུགས་སྨན་རྒྱལ་པོ་བྱ་ཁྱུང་སྔོན་པོ་)  དྲེག་གྲུམ་རྐང་འབམ་ཆུ་སེར་ཚ་བབས་དང༌།།  ཤུ་ཐོར་གཉན་ནད་ཚ་བར་བསྔགས་པ་ཡིན།།  (བསིལ། དུག་ཤས་ཆེ་བས་ཟ་མི་རུང༌།)
བྱི་ཏང་༧ ཆུ་སྐོལ་ཚ་མོས་དབུལ།།  ཕོ་ལོང་སྲིན་ནད་གཞང་འབྲུམ་མ་ལུས་འཇོམས།།  (སྙོམས། བཟི་མེད།)
བྱང་ཆོས་༣༧   གཟའ་ཀླུ་རྒྱལ་བསེན་འབྱུང་པོ་ལ་སོགས་དང༌།།  ཤིན་ཏུ་རྨྱ་རིལ་བརྒྱལ་ལྐུགས་སྨྱོ་བ་དང༌།།  ཞ་རེངས་མདོག་མི་སྡུག་དང་དབང་པོ་ཉམས།།  རིམས་འཁྲུགས་རྩ་བྱེར་རྙིང་པ་དང༌།།  དྲེག་གྲུམ་མཛེ་དང་མཁལ་རྩ་བསྣད་པ་དང༌།།  སུརྱ་རྩ་དཀར་བཅོས་རྡུགས་གཉེན་པོ་མཆོག། (སྙོམས། བཟི་མེད།)
བྲེ་ག་༡༣ ལྒང་པའི་ནད་རིགས་དང༌།།  མཁལ་རྐེད་འགྲམས་དང་འོར་དུ་ལྷང་བ་དང༌།།  འབྲས་བུ་ཚ་གྲང་གང་གིས་སྐྲངས་པ་འཇོམས།།  (སྙོམས། བཟི་མེད།)
བྲག་ཞུན་༩  ཕོ་བའི་ཁྲག་མཁྲིས་ཚད་པ་སེལ་བར་བྱེད།།  (ཅུང་བསིལ། བཟི་མེད།)
བྲག་ཁྱུང་། སྣོད་ཀྱི་ཁྲག་མཁྲིས་དང༌།།  ཕོ་ལོག་གཉན་སྲིན་གཟེར་རིགས་གང་ཡིན་རུང༌།།  ཕོ་བར་བབས་ལ་བདུད་རྩིར་གྱུར་པ་ཡིན།།  (ཅུང་བསིལ། བཟི་ཅུང་ཡོད།)
འབྲས་༣ཐང་། རིམས་འཁྲུགས་ཚ་བའི་ནད།།  གསར་རྙིང་མ་ལུས་སེལ་ཞིང་སྨིན་པར་བྱེད།།  (བསིལ། བཟི་མེད།)                  
འབའ་སམ་ལྷ་ལུང་། མཁལ་གཅོང་མཁལ་ནད་མཐའ་དག་དང༌།།  མཁལ་འགྲམས་བྱེར་རྒྱས་ལྷུང་སོགས་སེལ།། (སྙོམས། བཟི་མེད།)
དབྱངས་ཅན་རིལ་བུ། ཞག་གསུམ་ཟོས་པས་དིག་པ་དང༌།།  ལྐུགས་དང་གླེན་པ་དག་ཀྱང་འཚོ།།  བཅུ་གཅིག་སྐད་བཟང་མཁྲིན་པ་བདེ།།   ཉི་ཤུ་མི་བརྗེད་གཟུངས་འཐོབ་འགྱུར།།  (ཅུང་བསིལ། བཟི་མེད།)
འབྱར་ཆེན་རེག་པ་བདེ་སྐྱེད་སྐྲངས་པར་བྱུགས།།  དེ་སྟེང་སྤུ་ན་ན་ཆིངས་སོགས་ཚུལ་བཞིན་དུ།།  ལེགས་བྱས་གཙོ་བོ་རྐང་འབམ་ནད་ལ་བསྔགས།།  གཞན་ཡང་དྲེག་དང་གྲུབ་བུ་ཆུ་སེར་མཛེ།།  གསར་རྙིང་རྨ་ཡི་སྐྲངས་དང་གཉན་དང་འབྲས།།  མ་ལུས་སེལ་བ་བྱང་སྨན་མཁས་པའི་ལུགས།།  (སྙོམས། དུག་ཤས་ཆེ་བས་ཟ་མི་རུང༌།)
འབྲོང་རྩེ་ཨ་གར་༨།  རླུང་གཟེར་སྲོག་རླུང་སྨྱོ་འབོག་ནད་ལ་བསྔགས།།  (ཅུང་བསིལ། བཟི་མེད།)
བླ་མེད་ཁྲག་སྦྱོར་༢༥།  ཀླད་སྐྱོན་གྱིས་ནི་མགོ་གཟེར་མགོ་ཡུ་འཁོར།།  ཁ་མིག་ཡོ་དང་ཡན་ལག་སྦྲིད་ཅིང་འཁུམས།།  ལུས་འདར་གཡོ་ཞིང་ངག་ལྐུགས་སེམས་མི་བདེ།།  ཁྱད་པར་གྲིབ་ནད་ཀུན་ལ་བསྔགས་པ་ཡིན།།   (སྙོམས། བཟི་ཅུང་ཡོད།)
བློན་པོ་༣ སྦྱོརའ བྱིས་པའི་ཚད་ནད་སེལ།།  (བསིལ། བཟི་མེད།)
བློན་ཁྱུང༌།(བློན་༣ སྦྱོར་དང་ཁྱུང་༥)  བྱིས་པའི་གློ་ཚད་གནན་རིམས་ཚ་བ་སེལ།།  (བསིལ། བཟི་ཅུང་ཡོད།)
བློན་པོ་༩ གློ་མང་འཁྲུགས་ཚད་སེལ།།  ཁྱད་པར་རིམས་སོགས་བྱིས་པའི་སྨན་གྱི་མཆོག། (བསིལ། བཟི་མེད།)
མ་ནུ་༤ ཐང་། རིམས་ཚད་སྨིན་པར་བྱེད།།  བད་ཀན་སྐྱ་སྨུག་སྟོང་ཚད་ཁྲག་གཟེར་སེལ།། (ཅུང་བསིལ། བཟི་མེད།)
མུ་ཏིག་༢༥  རྩ་དཀར་ནད་ལ་མཆོག་ཏུབསྔགས།།  རྩ་ཆད་མཐུད་ཅིང་རྒྱུས་ནད་སེལ།།  གཡུ་ཐོག་མགོན་པོའི་ཁྱད་ཆོས་ཡིན།།  (སྙོམས། བཟི་མེད།)
མན་ངག་བསིལ་སྦྱོར།  དུག་སྨུག་མཁྲིས་པ་མཆིན་པ་རྒྱས།།  ཁྲག་རྙིང་སྟོད་རྒྱངས་གབ་ཅིང་ཞེན།།  མཆིན་མཆེར་བར་གྱི་བར་ཁྲག་རྒྱས།།  མཆིན་དྲི་ནང་གི་ནད་རྣམས་ལ།།  སླེབས་པས་ཆོག་པ་ཁོ་བོས་མཐོང༌།།  (ཅུང་བསིལ། བཟི་མེད།)
མྱང་སྤྲས་༥  ཕོ་བ་རྒྱུ་མའི་ཚ་ནད་བཤལ་བ་དང༌།།  མཁྲིས་ཤས་ཅན་གྱི་ཞེ་ལོག་དང་ག་འགག།།  གཉན་རིམས་རྒྱུ་གཟེར་བཤལ་ནད་ཐམས་ཅད་སེལ།།  (བསིལ། བཟི་མེད།)
ཙན་དན་༡༨  བྲག་ཞུན་ཐང་གིས་འཕུལ་ལ་བཏང༌།།ཕན་ཡོན་འཁྲུ་སྐྱུགས་འདྲིལ་བ་དང༌།།  རྩིབ་ལོགས་རོ་སྟོད་གཟེར་བ་དང༌།།  སྙིང་རླུང་རྒྱུ་བ་ངན་པ་དང༌།།  རྩ་ཚད་རྩ་འདྲུལ་ཤ་འཁྲིག་དང༌།།  མགོ་བོ་ན་ཟིང་མིག་མི་གསལ།།  ཁ་ལྕེ་སྐམ་ཞིང་གྲེ་བ་ཚ།།  མཆིན་མཁྲིས་ཕོ་བ་རྒྱུ་མ་ལ།།  རྨུག་ཅིང་ཚ་བར་བྱེད་པ་དེ།།  མེ་དབལ་ཆ་ཡིས་གསོད་དང་མཚུངས།།  (ཅུང་བསིལ། བཟི་མེད།)
ཙན་དན་༨ གློ་ཚད་རྣག་ཁྲག་སེལ།།  (བསིལ། བཟི་མེད།)
གཙོ་བོ་༨  དོན་སྣོད་གློ་མཆིན་ཁྲག་མཁྲིས་འཁྲུགས་རིམས་ཀྱི།།  ཚད་པ་གསར་རྙིང་མ་ལུས་འཇོམས་པར་བྱེད།།  (བསིལ་ཆེ། བཟི་མེད།)
གཙོ་བརྒྱད་གཡུ་རལ།  ཚ་བ་ཁྲག་འཁྲུགས་འགྲམས་འཁྲུགས་རིམས་ནད་དང༌།།  ས་སྟེང་ནད་དང་འབྱུང་པོས་གཟིར་བ་རྣམས།།  སྐད་ཅིག་ཉིད་ལ་འཇོམས་པའི་ཐོ་བ་ཡིན།།  (བསིལ། བཟི་ཅུང་ཡོད།)
གཙོ་བོ་༢༥   ཚད་པ་ཆེ་ཆུང་གློ་དང་རུས་ལ་ཞེན།།  གློ་ཆེན་འགོག་དཀའ་དབུགས་ཐུང་གྱེན་མི་འཕེར།།  གློ་ཡིས་བརྒྱལ་ཞིང་འཚངས་ནས་དབུགས་སྡུད་དཀའ།།  འགུལ་ན་གློ་སྐྱུགས་བྱེད་ཅིང་ཉལ་མི་བདེ།།  ལུད་པ་མང་དུ་ལུ་ཞིང་སྣ་མཚུལ་འགགས།།  རོ་སྟོད་ཚ་ཞིང་ལྕི་ལ་རྒྱངས་ཤིང་ཁེངས།།  ཚ་གཟེར་ཚ་སུབས་གློ་བ་ཁྲག་རྒྱས་སོགས།།  གློ་ནད་བརྒྱད་ལ་སྨན་འདི་སླེབས་པས་ཆོག། (བསིལ། བཟི་ཅུང་ཡོད།)
རྩ་ཐག་༡༦ མྱོས་ཁུས་བཏང་བ་ཡིས།།  རླིག་པ་སྐྲངས་པ་རང་ཞི་དག་ལ་འགྲོ།།  སྨད་ནད་མཁལ་རྩ་འགྲམས་ད་མཁལ་རླུང་སོགས།།  མ་ལུས་སེལ་བྱེད་གདམས་ངག་སྙིང་ནོར་རོ།།  (སྙོམས། བཟི་མེད།)
རྩ་བྱུགས་མར་རྙིང་སྦྱར་ཏེ་བྱུགས་པ་འདི།།  རྩ་དཀར་ནད་ལ་ཤིན་ཏུ་ཕན་པ་མཐོང༌།།  (བསིལ། བཟི་མེད།)
ཛཱ་ཏི་༣ ཐང་།  བསྡུས་གྲང་སྙིང་གི་ཚ་བ་འཇོམས་པར་བྱེད།། (ཅུང་བསིལ། བཟི་མེད།)

ཞི་བྱེད་༦  མ་ཞུ་ཕོ་སྦོས་གླང་ཐབས་དང༌།།  ཐུར་སེལ་རྒྱུ་བ་ལོག་པ་དང༌།།  བུ་དང་ཤ་མ་མ་ཐོན་དང༌།།  བཤང་འགགས་སོགས་ལ་ཤིན་ཏུ་ཕན།།  (སྙོམས། བཟི་མེད།)
ཞི་ཁྱུང་(ཞི་བྱེད་༦ དང་ཁྱུང་༥) མ་ཞུ་གྲང་རླུང་ཕོ་བ་སྦོས།།  རྒྱུ་ལོང་འུར་འཁྲོག་རྒྱུ་མར་གཅུས་འདྲིལ་བརྒྱབ།།  གྲང་སྲིན་གླང་ཐབས་གཉན་ནད་གཟེར་ཟུག་འཇོམས།།  (སྙོམས། བཟི་ཅུང་ཡོད།)
ཞི་ཏིག (ཞི་བྱེད་༦ དང་ཏིག་ཏ་༨) མ་ཞུ་དང་ག་མི་བདེ་བ།།  བད་མཁྲིས་མགོ་བོ་ན་ཟིང་ཞེ་མེར་ལངས།།  ཕོ་བ་རྒྱུ་སྨད་སྦོས་བརྒྱངས་བཤང་བ་བཀག། ཁྱད་པར་སྦྲུམ་མ་འཁྲི་བའི་ནད་ལ་ཕན།།   (སྙོམས། བཟི་མེད།)
ཞི་རུ། (ཞི་བྱེད་༦ དང་རུ་རྟ་༦ ) ཕོ་བ་རྒྱུ་མ་རེ་མོས་ན།།  སྦོས་བརྒྱངས་ཆེ་ཞིང་སྐབས་རེ་འཁྲོག་པ་དང༌།།  དགོང་དྲོའི་དུས་སུ་སྦོས་གཟེར་གཅུས་འདྲིལ་བརྒྱབ།།  ཁ་ཟས་མི་འཇུ་འགག་དྲི་སྐྱུགས་ལྡང་ལངས།།  ལྷག་པར་གྲང་རླུང་གླང་ཐབས་ནད་ལ་ཕན།།  (སྙོམས། བཟི་མེད།)
ཞི་གསེར། (ཞི་བྱེད་༦ དང་གསེར་མདོག་༥)  ཕོ་བ་སྦོ་ཁྲོག་སྒྲེག་སྐྱུགས་ཞེ་མེར་ལངས།།  བཤང་སྐམ་དང་ག་འགགས་དང་ཁ་ཏིག་སྐྱུགས།།  བད་མཁྲིས་མགོ་ནད་མིག་སྤྲིན་རྣ་རྒྱབ་སེར།།  ཁྱད་པར་མ་ཞུ་གྲང་མཁྲིས་ནད་ལ་བསྔགས།།  (སྙོམས། བཟི་མེད།)
ཞི་ཀོ (ཞི་བྱེད་༦ ཀོ་ལ་༡༡)  འཇུ་སྟོབས་ཞན་དང་ཆུ་ཏོར་བད་ཆུ་ཆགས།།  དགོང་མོའི་དུས་སུ་ཁོག་པ་སྦོས་བརྒྱངས་ཆེ།།  རྐང་ལག་སྦྲིད་དང་མཆེར་སྟེང་གཟེར་བ་སོགས།།  ཁྱད་པར་མཆེར་ནད་གྲང་བའི་སྦོས་ཁྲོག་འཇོམས།།  (བསིལ་དྲོད་སྙོམས། བཟི་མེད།)    
ཞི་ལྕུམ། (ཞི་བྱེད་ལྕུམ་ཕྱི་ལྡབ་བསྣན་)  ཕོ་ལོང་རྒྱུ་མ་ན་ཞིང་སྦོས་བརྒྱངས་བྱེད།།  ཁོག་པ་འཁྲོག་ཅིང་བཤང་བ་བཀག་པ་སྦྱོང༌།།  (སྙོམས། བཟི་མེད།)
ཟབ་ལག་༨   བྱུགས་པས་པགས་ནད་འབྲུམ་ཐོར་དང༌།།  ཤུ་བ་ཟ་རྐོང་མེ་དབལ་དང༌།།  གློ་བུར་རྨ་རྒན་ཤའུ་གསོ།།  ཁྱད་པར་རེག་དུག་ཚ་ཤས་ཀྱིས།།  ཟུག་གཟེར་ཕུར་བ་བཏབ་འདྲ་བའི།།  མི་བཟོད་ཀུ་ཅོ་འདོན་པ་ལ།།  གཉེན་པོ་འདི་འདྲ་ཡོད་མ་ཡིན།།  རྣག་འཚེད་ཅན་ལ་སྐམ་འདེབས་བྱ།།  པགས་ནད་ཀུན་ལ་ལྡེ་གུ་བྱུགས།།  རེག་དུག་ར་ཁྲག་སྦྱར་བས་འཇོམས།།  ཁོང་དུ་ར་ཁྲག་ག་བུར་བཏང༌།།  རེག་པ་བདེ་བྱེད་ཅེས་ཀྱང་བྱའོ།།  (སྙོམས། བཟི་ཅུང་ཡོད། ཁོད་དུ་གཏོང་མི་རུང༌།)
གཟེ་མ་༣ ཐང་། མཁལ་ནད་ཆུ་འགགས་སེལ།།  (དྲོད་འབྲིང༌། བཟི་མེད།)
ཟླ་བདུད། ཕོ་མཆིན་ནད།།  དུག་དང་སྨུག་པོ་ཚད་པ་རྙིང་པ་དང༌།།  མ་ཞུ་དུག་ཐབས་གློ་བུར་གཟེར་གྱི་རིགས།།  མདོར་ན་ཚ་གྲང་ནད་རིགས་གང་ལ་བསྔགས།།  གཞན་ཡང་འདི་ཡི་ཡོན་ཏན་ནི།།  ནད་རྙིང་རྩི་ལྟར་ཞེན་པ་དག། ཟུངས་བདུན་སྐྱོན་བྲལ་འདུ་བ་སྙོམས།།  མིག་གསལ་ཡིད་བདེ་ནད་ཀུན་ཞི།།  རྒྱུན་དུ་བསྟེན་ན་བཅུད་ལེན་འགྲུབ།།  (ཅུང་བསིལ། བཟི་མེད།)
ཟླ་ཤེལ། (ཟུར་ལུགས་) ནད་གཞི་བསྟུན་ཏེ་རང་རང་སྨན་རྟས་འཕུལ།།  དུག་དང་སྨུགོ་་ཁྲག་ཏུ་འཁྲུ་སྐྱུག་དང༌།།  གབ་ཚད་ཚད་རྙིང་འགྲམས་འཁྲུགས་འཐབ་པ་དང༌།།  མ་ཞུགླང་ཐབས་སྲིན་དང་ཆུ་སེར་སྐྲན།།  ལྡན་འདུས་ནད་རྣམས་འཇོམས་པའིརྡོརྗེ་ཡིན།།  (སྙོམས། བཟི་མེད།)
འོས་སེ་༢༥  མོ་ནད་ཁྲག་ཚབས་རླུང་ཚབས་སྲིན་ཚབས་དང༌།།  རྐེད་པ་རྐང་དང་རུས་ཚིགས་འཁོལ་ཞིང་ན།།  རྒྱུ་ཞབས་མཆིན་མཁྲིས་རོ་སྟོད་འཁོར་ཞིང་ན།།  ལྷག་པར་རོ་སྟོད་ཁྲག་མིག་ཁོལ་བ་དང༌།།  སྙིང་སྲོག་རོ་སྟོད་གཟེར་འཁྱིམ་རྣ་བ་འོན།།  འདོམ་སྐྲངས་ཚང་ར་རྒྱུ་ཞབས་མཚན་མ་གཟེར།།  རྐང་བོལ་ཡན་ཆད་རུས་པ་འཁོལ་ཞིང་ན།།  ཀུན་སེལ་མན་ངག་འཛམ་གླིང་ནོར་ཕྱེད་གྲགས།།  (སྙོམས། བཟི་མེད།)
ཡ་སྨན་དབང་པོ་ཀུན་གསལ་འདི་འཐེན་པས།།  འདུས་ནད་ཡ་མ་དཀར་ནག་ཚད་རིགས་དང༌།།  ངག་གི་གྲེ་འཛེར་ལ་སོགས་སེལ་བ་དང༌།།  མིག་ལ་སོགས་པའི་དབང་པོ་གསལ་བར་གསུངས།།  (བསིལ། བཟི་མེད།)ཡུང་བ་༤ ཐང་།  ཟ་ཁུ་ཉི་ཤུ་ལས་གྱུར་གཅིན་སྙི་ཡིས།།  མཐིལ་བཞི་ཚ་ཞིང་གཅིན་མདོག་རྙོག་ཅན་འབྱུང༌།།  ལྒང་པར་ཟུག་ཅིང་རྨ་ཐོར་ཐོན་པ་སེལ།།  (བསིལ། བཟི་མེད།)
གཡུ་རིལ་༡༣ སྨུག་པོ་དང༌།།  ཁྲག་མཁྲིས་བད་ཀན་ཕོ་བའི་ནད་ལ་བསྔགས།།  གྲང་རླུང་ལ་ཡང་མི་གནོད་སྤྱི་སྨན་ཡིན།།  (སྙོམས། བཟི་མེད།)
གཡུ་དཀར། སྨུག་པོ་ཕོ་ལོང་དུ།།  ངེས་མེད་གཟེར་དང་ཕོ་མཆིན་མི་བདེ་ཞིང༌།།  ཆུ་སྐྱུར་སྐྱུགས་ཤིང་མ་ཞུས་ཕོ་རྒྱུའི་ཡུལ།།  སྦོས་བརྒྱངས་བཤང་བ་སྐམ་དང་རླུང་ཚབས་ནད།།  ཕོ་ལོང་རྒྱུ་མར་བས་སམ་འབྲས་སྐྲན་ཆགས།།  གྲང་རླུང་ནད་ཀྱིས་རྒྱུ་སྨད་མཁྲེགས་གྱུར་སེལ།།  (སྙོམས། བཟི་མེད།)
གཡུ་ཁྱུང་(གཡུ་རིལ་༡༣ ཁྱུང་༥) ཕོ་ལོག་ཁྲག་མཁྲིས་བད་ཀན་ནད།།  སྨུག་པོའི་གླང་ཐབས་གཉན་གཟེར་གཅོག་པར་བྱེད།།  (སྙོམས། བཟི་ཅུང་ཡོད།)
གཡུ་ཁྱུང་དཀར་བསྣན་ཚད་ལྡན་སྦྱར་བ་འདིས།།  ཕོ་རྒྱུར་ཟུག་དང་ཁྲག་མཁྲིས་ཕོ་བར་ལྷུངས།།  སྨུག་པོའི་གླང་ཐབས་ནད་དང་གཉན་གྱི་གཟེར།།  ཕོ་ལོང་རྒྱུ་མར་འབྲས་སྐྲན་ཆགས་པ་དང༌།།  རླུང་ཚབས་ཕོ་ལོང་རྒྱུ་མར་བབས་པར་ཕན།།  (སྙོམས། བཟི་འབྲིང༌།)
རུ་རྟ་༦ (སྨན་གཉིས།)སྨུག་པོ་འཐབ་པའི་ནད།།  གླང་ཐབས་སྒྲེག་སྐྱུག་ཕོ་ཁར་ཟུག་པ་སེལ།།  (སྙོམས། བཟི་མེད།)
རུ་ཁྱུང་གཉན་ཚད་ཕོ་གླང་འཇོམས།།  (སྙོམས། བཟི་ཅུང་ཡོད།)
རིན་ཆེན་༩ སྦྱོར།  བྲང་ཚ་ཆུ་སྐྱུར་སྐྱུག་པ་དང༌།།  སྒྲེག་སྐྱུག་ཕོ་བར་ཟུག་པ་སོགས།།  བད་ཁྲག་ནད་རིགས་ཐམས་ཅད་དང༌།།  སྐྱ་སྨུག་འཐབ་པའི་ནད་ལ་བསྔགས།།  (སྙོམས། བཟི་མེད།)
རིལ་པད།  བྲང་ཁོག་ཚ་ཞིང་ཆུ་སྐྱུར་ལངས་པ་དང༌།།  ཞེ་མེར་ཁ་ཏིག་ཁ་དང་མགོ་བོ་ན།།  མགོ་ཡུ་འཁོར་དང་ཕོ་བར་ཚ་བ་ཞུགས།།  ཁྱད་པར་བད་མཁྲིས་མགོ་ནད་སྤྱི་ལ་བསྔགས།།  (ཅུང་བསིལ། བཟི་མེད།)

ལི་ཤི་༦   གློ་ནད་གྲེ་བ་ཚ་སྐམ་སྐད་འགགས་སེལ།།  (ཅུང་བསིལ། བཟི་མེད།)        
ལི་ཁྱུང་།(ལི་ཁྱུང་༡༠)  གཉན་ཚད་གྲེ་བར་ཞུགས་པའི་གཉན་གག་དང༌།།  ལྕེ་རྩ་ཨོལ་གོང་སྐྲངས་ཤིང་ཐོར་འགེགས་སེལ།།  (ཅུང་བསིལ། བཟི་ཅུང་ཡོད།)
ལི་ཁྲག་བད་ཚད་སྐད་འགག་གྲེ་བ་འཛེར།།  མིད་པ་སྐམ་ཚ་བད་ཁྲག་གློ་ལ་ཕན།།  (བསིལ། བཟི་མེད།)
ལི་རྒུན་༡༡  ལི་ཤི་༡༡ མ་ནུ་བཞི་ཐང་དབུལ།།  གསོ་དཀའ་དབུགས་མི་བདེ་བའི་ནད་ཀུན་སེལ།།  (སྙོམས། བཟི་མེད།)
ལུག་མུར་༧  ཆམ་པའི་གཞུག་གི་གློ་རྒྱལ་ལ།།  སྨན་ཐུན་གསུམ་ལས་མང་མི་དགོས།།            (ཅུང་བསིལ། བཟི་མེད།)

ཤིང་ཀུན་༨ ལུག་ཀླད་རིལ་བུ།  འབྲུ་མར་ནང་དུ་སེར་ཙམ་བཙོས་པ་འདི།།  གར་ཆང་དབུལ་བ་རླུང་དུས་བསྟེན་ན་ཤིས།།  བད་རླུང་ནད་ཀྱི་མགོ་འཁོར་སེལ་བ་ལ།།  བཅོས་རྡུགས་ཕན་པ་ཟུར་མཁར་མཁས་པའི་ལུགས།།  (ཅུང་དྲོད། བཟི་མེད།)      
ཤིང་མངར་༦ སྐྱུག་པ་གཅོད་པའི་མཆོག། (སྙོམས། བཟི་མེད།)

སར་ཁྱུང༌།  སྭ་རའི་ཁྱུང་ལྔ་འཛག་སྡོམ་ཞེས་བྱ་འདི།།  ཕལ་ཆེར་ཆུ་སྐོལ་གྲང་རླུང་མྱོས་ཁུས་དབུལ།།  མཁལ་མའི་ཚ་གྲང་ནད་རིགས་ཡིན་ཅོག་དང༌།།  སྲིན་གླང་ལ་སོགས་གཉན་རིམས་ཀུན་ལ་བསྔགས།།  ཁྱད་པར་ས་བོན་འཛག་པ་གཅོད་པ་སྟེ༌།སྨན་ནད་ཐོན་པ་ལན་འགའ་བསྟེན་པ་ཡིས།།  དྭངས་མ་འཛག་གཅོད་མིན་ཀྱང་ན་ཟུག་གཅོག། (བསིལ་ཆེ། བཟི་མེད།)
སེ་འབྲུ་༥ བད་ཀན་ཟས་མི་འཇུ།།  ཕོ་བའི་གྲང་སྐྲན་སྐྱུག་དང་ཡི་ག་འཆུས།།  སྙིང་རླུང་མཁལ་རྐེད་ནད་ལ་མཅོག་ཏུ་ཕན།།  (དྲོད་ཆེ། བཟི་མེད།)
སེ་འབྲུ་པད་འདབ།  ཚ་གྲང་རྟས་བསྒྱུར་མ་ཞུ་གསར་རྙིང་དང༌།།  སྐྱ་སྨུག་བད་མཁྲིས་ཕོ་རིམས་ལྡན་འདུས་ནད།།  ཁྱད་པར་བད་ཀན་སེར་པོའི་ནད་ལ་བསྔགས།།  (དྲོད། བཟི་མེད།)
སེ་འབྲུ་ཀུན་བདེ། མེ་དྲོད་སྟོབས་འཕེལ་ཟས་ལེན་ཤེད་ཆེ་ཞིང༌།།  མ་ཞུ་འཇུ་ཞིང་ཤ་རྦབ་སྦོས་པ་དང༌།།  མཆིན་ཆུ་ཟགས་དང་ཆ་འགགས་སྐྲན་ཀུན་སེལ།།  བད་ཀན་མཁལ་མའི་ནད་ལ་བསྔགས་པ་སྟེ།།  སྨུག་པོ་རྒྱས་ལ་རུ་རྟའི་རྟ་ལ་བསྐྱོན།།  སྨུག་པོ་བྱེར་ལ་ཕག་པའི་བཅུད་ལེན་དང༌།།  སྟོབས་འཕེལ་ནད་ལ་བྱང་སེམས་དཀར་པོ་མཆོག། ཁྲག་ནད་ཀུན་ལ་སྟར་བུ་ཁྱོར་གང་སྡེབས།།  སྤྱི་སྨན་གཞན་ལ་མེད་པའི་ཁྱད་ཆོས་ལུགས།།  (དྲོད་ཆེ། བཟི་མེད།)
སེ་འབྲུདྭངསགནས།(སྨན་གཉིས།) ཚ་གྲང་འཐབ་པའི་ཁ་འཛིན་མེ་དྲོད་གསོ།།  བད་ཀན་བེ་སྣབས་རྩ་སྦུབས་འགགས་པ་སེལ།།  དྭངས་མ་གནས་འཇོག་ལུས་ཟུངས་རང་སོར་འཇུག། (དྲོད་འབྲིང༌། བཟི་མེད།)
སེ་འབྲུ་ཉི་དགའ།  ཕོ་བའི་མེ་དྲོད་སྐྱེད་ཅིང་མ་ཞུ་འཇུ།།  བད་ཀན་བེ་སྣབས་རྩ་སྦུབས་འགགས་པ་སེལ།།  དྭངས་མ་མ་ཞུ་ལུས་ཟུངས་རང་སར་འཇོག། དྲི་ཆུ་བོངས་ཆེ་ཕོ་བ་བདེ་བར་འགྱུར།།  ནད་སྟོབས་ཆུང་ན་འདི་ཡིས་ལྡོག་པའང་སྲིད།།  (དྲོད། བཟི་མེད།)
སེ་འབྲུ་ཉི་དཀྱིལ།  འཕུལ་བྱེད་ཆུ་སྐོལ་ཙ་མོ་སྐབས་འགར་ཆང༌།།  མ་ཞུ་སྐྲན་དང་སྐྱ་རྦབ་འོར་དམུ་ཆུ།།  མཁལ་མའི་དྲོད་ཤོར་ས་བོན་ཉམས་འཛག་དང༌།།  ཆུ་སྲི་མཁལ་རྐེད་ལྒང་པ་ཆུ་སོར་ཟུག། ཚ་འཁྲུ་གྲང་འཁྲུ་གང་རྙོགས་གྲང་སྲིན་དང༌།།  ཆུ་སེར་གྲང་བབས་གྲང་བ་གྲུབ་བུ་སོགས།།  གྲང་ནད་ཀུན་ལ་དུས་མཐའི་མེ་ལྟ་བུ།།  ཁྱད་པར་ཕོ་བའི་མེ་དྲོད་སྐྱེད་པའི་མཆོག། དྭངས་མ་གནས་འཇོག་ཆུ་སེར་རྩ་བ་སྐེམ།།  ལུས་ཟུངས་བརྟས་བྱེད་ཚེ་རིང་བཅུད་ལེན་འགྱུར།།  (དྲོད་ཆེ། བཟི་མེད།)        
སོ་སྣུམ་(སོ་སྣུམ་༧)རས་ཐུམ་མར་ཁུར་བཙོ།།  མ་གྲང་སོ་བར་བཟུང་བ་ཡིས།།  སོ་སྲིན་སོ་རླུང་ལ་སོགས་འཇོམས།།  (ཅུང་དྲོད། བཟི་ཅུང་ཡོད།)
སུག་སྨེལ་༡༠ མཁལ་མའི་གྲང་བ་རྡེ་ནད་ཆུ་འགག་སེལ།།  (དྲོད་ཆེ། བཟི་མེད།)
སུག་ཁྱུང་། (སུག་སྨེལ་༡༠ ཁྱུང་ལྔ།)  ཕོ་ལོག་གཉན་སྲིན་མཛེ་ནད་དང༌།།  ཆུ་འགགས་རྡེའུ་ནད་ཐམས་ཅད་དང༌།།  མཁལ་མའི་ནད་རྣམ་ས་མ་ལུས་སེལ།།  (དྲོད་ཆེ། བཟི་ཅུང་ཡོད།)
སུག་སྨེལ་༡༩ ལྒང་པའི་རྡེ་སྐྲན་དང༌།།  མཁལ་རྐེད་ན་ཞིང་ལུས་སྨད་དྲོད་མི་ཁུག། གཅིན་ཁ་སྙི་འམ་འགགས་ནས་ལྒང་པ་གཟེར།།  མཐིལ་བཞི་ཚ་ཞིང་གཅིན་མདོག་རྙོག་ཅན་འབྱུང༌།།  ཉིན་གཉིད་ཆེ་ལ་ཁ་ཟས་འཇུ་བ་དཀའ།།  གཅིན་སྙི་ཟ་ཁུའིརིགས་དང་རྨ་ཐོར་སེལ།།  གཞན་ཡང་མཁལ་ནད་རྐྱེན་གྱིས་ཆུ་བསགས་དང༌།།  དྲེག་གྲུམ་ཆུ་སེར་ནད་ལ་མཆོག་ཏུ་བསྔགས།།  (དྲོད་ཆེ། བཟི་མེད།)
སེང་ལྡེང་༢༣   དྲེག་གྲུབ་ནད་ལ་སླེ་ཏྲེས་བྲག་ཞུན་དང༌།།  མཁལ་རྐེད་གྲང་བ་འཛག་པའི་ནད་རིགས་ལ༌།།  ནས་དཀར་སིང་པོས་འཕུལ་བས་འཛག་པ་གཅོད།།  (སྙོམས། བཟི་མེད།)
སེང་ལྡེང་༢༥  ཞ་རེངས་གྲིབ་ཕོག་རྩ་འགྲམས་རྩ་དཀར་དང༌།།  གྲུམ་བུ་ཆུ་སེར་ཐིག་ནག་འབམ་གྱི་གཤེད།།  (བསིལ། བཟི་ཅུང་ཡོད།)
སེམས་བདེ།  ཟུར་མཁར་ལུགས།།  རིལ་བུ་གསུམ་ལྔ་བདུན་ལ་སོགས་པ་ནི།།  ལུས་སྟོབས་སྦྱར་ལ་དགོང་དང་ཐ་རེངས་དུས།།  ཤ་མར་བུ་རམ་ཆང་རྒན་གདུས་པས་འཕུལ།།  ཕན་ཡོན་རླུང་ལས་གྱུར་པའི་ནད་རྣམས་ཀུན།།  དུས་མཐའི་མེ་དང་ཉེ་བའི་བ་མོ་བཞིན།།  ཐབས་འདིས་མི་འཇོམས་པ་ནི་ག་ལ་སྲིད།།  ཁྱད་པར་སྲོག་རྩར་རླུང་ཞུགས་སེམས་མི་བདེ།།  འཕྱོ་འདར་སྨྱོ་ལྐུགས་སྙིང་དཀྱིལ་ཆུ་བླུགས་འདྲ།།  དེ་ལྟའི་ནད་ལ་ཚུལ་འདི་བདུད་རྩི་ཡིན།།  (དྲོད་ཆེ། བཟི་ཅུང་ཡོད།)
བསེ་རུ་༢༥  གུང་གཉིས་བ་འོ་དྲོན་མོས་ཕུལ་ལ་བཏང༌།།  འདི་ཡི་ཕན་ཡོན་གློ་ནད་གསར་རྙིང་དང༌།།  ཚམ་འཁྲུགས་བུང་ཚང་གློ་རྣག་ལ་སོགས་པ།།  མདོར་ན་གླ་རྣག་སྟོང་གི་སླེབ་ཆོག་ཡིན།།  (ཅུང་བསིལ། བཟི་མེད།)   
གསང་བདག་དར་ཡ་ཀན།  ཁོང་འབྲས་བསྲུང་ཞིང་གཉན་སྲིན་གསོད་པར་བྱེད།།  (ཅུང་བསིལ། བཟི་འབྲིང༌།)
གསང་སྨན་(འབམ་གྱི་གསང་སྨན།)  འབམ་རིགས་ཀུན་ལ་བདུད་རྩི་ལྟ་བུར་བསྔགས།།  སྐབས་འགར་སེ་འབྲུ་ལྔ་པ་ཀུན་བདེ་ཡིས།།  ཕོ་བའི་མེ་དྲོད་གསོ་བ་མན་ངག་ཡིན།།  (བསིལ་ཆེ། བཟི་མེད།)
གསལ་བྱེད་ཨ་ཝ་༡༥ ཐོ་རེངས་དུས།།  ཡུན་དུ་བསྟེན་པས་མིག་གི་བདུད་རྩིར་གྱུར།།  (ཅུང་བསིལ། བཟི་མེད།)
གསེར་མདོག་༥ ཕོ་བ་རྒྱུ་མའི་ཡུལ།།  མཁྲིས་རླུང་མ་ཞུ་མིག་སེར་ཀུན་ལ་བསྔགས།།  (བསིལ་དྲོད་སྙོམས། བཟི་མེད།)
གསེར་ཏིག་(གསེར་མདོག་༥ དང་ཏིག་ཏ་༨) ཕོ་བར་ཁ་ཟས་མི་འཇུ་ཞིང༌།།  ཞེ་མེར་སྐྱུགས་ལངས་བྱས་ནས་མགོ་ཡུ་འཁོར།།  མཁྲིས་རླུང་མ་ཞུ་མིག་སེར་ནད་ལ་ཕན།།  (སྙོམས། བཟི་མེད།)
གསེར་ཁྱུང་(གསེར་མདོག་༥ ཁྱུང་༥)ཕོ་བ་རྒྱུ་མ་གཟེར་ཞིང་ན།།  མཁྲིས་སྲིན་མགོ་ནད་རྒྱུ་མའི་སྣོད་ཚད་སེལ།།  ལྷག་པར་མ་ཞུ་གྲང་མཁྲིས་འཁྲུ་བ་གཅོད།།  (སྙོམས། བཟི་ཅུང་ཡོད།)
གསེར་མདོག་༡༡ མཁྲིས་སྲིན་དུག་ཐབས་དང་བད་མཁྲིས་མགོ་ནད་དང༌།།  ཕོ་བ་རྒྱུ་མར་ཁྲག་མཁྲིས་ལྷུང་བ་དང༌།།  སྣོད་ཀྱི་མཁྲིས་སྐྲན་མ་ཞུ་མིག་སེར་སེལ།།  ཁྱད་པར་ཡ་མ་ནག་པོའི་ཚད་ནད་འཇོམས།།  ཤ་ཡ་མིག་སེར་ཀྵ་ཡ་ནག་པོ་ལ།།  ཤིན་ཏུ་ཕན་པ་མྱོང་གྲུབ་གདམས་པ་ཡིན།།  (བསིལ། བཟི་ཆེ།)
བསམ་ནོར།  རིམས་འཁྲུགས་ཚ་བ་གསར་དང་རྙིང་པ་དང༌།།  དྲེག་གྲུམ་མཛེ་དང་རེངས་འཁུམས་མཁལ་རྩ་བསྣད།།  འགྲམས་འཁྲུགས་རྩ་ལ་བྱེར་ཞིང་ཞེན་པ་དང༌།།  བཅོས་མང་རྡུགས་པའི་ནད་གཞི་ཀུན་ལ་ཕན།།  ཁྱད་པར་རྩ་དཀར་ནད་ཀྱི་གཉེན་པོ་ཡིན།།  (ཅུང་བསིལ། བཟི་མེད།)
བསམ་ཁྱུང་(བསམ་ནོར་ཁྱུང་༥)རིམས་འཁྲུགས་ཚ་བ་གསར་རྙིང་དང༌།།  དྲེག་གྲུབ་མཛེ་དང་རེངས་འཁུམས་མཁལ་རྩ་བསྣད།།  འགྲམས་འཁྲུགས་རྩ་ལ་བྱེར་ཞིང་ཡན་ལག་སྦྲིད།།  ལྷག་པར་རྩ་དཀར་གཉན་གཟེར་མ་ལུས་འཇོམས།།  (བསིལ། བཟི་ཅུང་ཡོད།)
བསམ་བརྒྱད་ཁྱུང། རྩ་དཀར་ནད་ཀྱིས་དྲན་པ་ཉམས་པ་དང༌།།  ཁ་ལྐུགས་ཡན་ལག་བཤལ་སྤྲིད་ཚོར་བ་བྲལ།།  ཡན་ལག་རེངས་འཁུམས་ཉིང་ལག་འདར་བ་སོགས།།  ཁྱད་པར་རྩ་དཀར་གཉན་དང་བསྡོངས་པར་ཕན།།  གཞན་ཡང་ཕོ་སྲིན་གཉན་གྱིས་གཟེར་བ་དང༌།།  ཆུ་སེར་རྩ་མིག་གྲམ་པས་ཟ་འཕྲུག་བྱེད།།  རྩ་ནད་ཆུ་སེར་བསྡོངས་པ་ཀུན་ལ་ཕན།།  (བསིལ་དྲོད་སྙོམས། བཟི་འབྲིང༌།)    
བསིལ་བཅུད་༡༥ ཁྲག་མཁྲིས་འཁྲུགས་རིམས་དང༌།།  རླུང་ཚད་གློ་དང་སྟོད་གཟེར་ནད་ལ་བསྔགས།།  (སྙོམས། བཟི་མེད།)
སྲོ་ལོ་༤ ཐང་། བསྡུས་ཁུ་དྲོད་འཇམ་གྱིས།།  གློ་ཡི་ཁྲག་ཚད་གཟེར་དང་ལུད་པ་སེལ།།  (ཅུང་བསིལ། བཟི་མེད།)
སྲོག་འཛིན་༡༡ ནུ་མཆིན་དང༌།།  སྙིང་སྲོག་གཟེར་དང་སྨྱོ་ལྐུགས་ནད་ལ་བསྔགས།།  (དྲོད། བཟི་མེད།)         
སྲོག་འཛིན་༢༥  (ཤིན་ཀུན་༢༥) འདོན་བཞིའི་རྟ་སྐྱོན་གཏོང༌།།  ཤ་པགས་རྩ་རུས་ཞུགས་པ་ཕྱི་ཡི་རླུང༌།།  དོན་ལྔ་སྣོད་དྲུག་ལ་སོགས་ནང་གི་རླུང༌།།  སྲོག་འཛིན་ལ་སོགས་རྣམ་ལྔ་གསང་བའི་རླུང༌།།  སྟོད་སྨད་བར་གསུམ་གཞུག་པའི་རླུང་ལ་སོགས།།  རླུང་རིགས་སྨན་སྦྱོར་གཅིག་གིས་འཇོམས་སོ་ཞེས།།  བོད་སྨན་མཁས་པ་གཡུ་ཐོག་མགོན་པོས་གསུངས།།  (ཅུང་དྲོད། བཟི་ཅུང་ཡོད།)
སླེ་ཏྲེས་༥ ཐང་། ཐོག་མར་ཞག་འགའ་བསྟེན།།  འདི་ཡིས་ལམ་ནས་བཟློག་པའང་སྲིད་པ་ཙམ།།  དེ་ཕྱིར་གྲུན་བུ་གདོང་ལྷོག་ཅེས་ཀྱང་བྱ།།  གཞན་ཡང་ཁྲག་འཁྱགས་ཁྲག་ཤེད་ཁྲག་འབྲས་དང༌།།  གཅིན་སྙི་ཟ་ཁུར་པན་པ་མྱོང་བས་གྲུབ།།  (ཅུང་བསིལ། བཟི་མེད།)

ཨ་ཁྲག་(ཨ་གར་༨ རྒ་ལོ་སྨན་དམར།) མཚོན་ཕོག་འགྲམས་འཁྲུགས་རླུང་གི་ནད།།  སྨྱོ་ལྐུགས་ནུ་མཆིན་གཟེར་དང་ངན་ཁྲག་རྒྱས།།  བད་ཚད་གསར་རྙིང་གློ་སྙིང་ལ་སོགས་པ།།  གཏར་བསྲེག་འདྲེན་བཅོས་མི་དགོས་བདུད་རྩིར་མཚུངས།།  (སྙོམས། བཟི་མེད།)
ཨ་རྒྱ། (ཨ་གར་༨ རྒྱ་རུ་༩)  མོ་ནད་རླུང་ཚབས་རྐྱེན་གྱིས་སྟོད་གཟེར་བ།།  དཔྱི་རྐེད་རུས་ཚིགས་ན་དང་རྒྱུ་སྨད་གཟེར།།  ཟླ་མཚན་བཀག་དང་སྙིང་ག་གཡུག་པ་སོགས།།  མདོར་ན་རླུང་ཚབས་ནད་དང་མངལ་ནད་སེལ།།  (ཅུང་བསིལ། བཟི་མེད།)
ཨ་གར་༨ སྙིང་ལ་མཚོན་ཕོག་དང༌།།  འགྲམས་འཁྲུགས་སྨྱོ་ལྐུགས་ནུ་མཆིན་གཟེར་བ་འཇོམས།།  (ཅུང་དྲོད། བཟི་མེད།)
ཨ་གར་༡༥ ཁྲག་རླུང་འཐབ་པ་དང༌།།  རྒྱབ་མདུན་གཟེར་དང་གློ་སོགས་སེལ་བར་བྱེད།།  (ཅུང་བསིལ། བཟི་མེད།)     
ཨ་གར་༡༧  རླུང་ཁྲག་འཐབ་དང་སྙིང་འཕྱོ་མགོ་གཟེར་དང༌།།  ངན་ཁྲག་མཁལ་མར་བབས་པའི་འགྲམས་བྱེར་དང༌།།  མཁལ་ནད་སྟེད་དུ་བྱེར་བའི་མཇིང་རེངས་དང༌།།  སྲོག་རླུང་གྱེན་རྒྱུའི་ནད་ལ་སླེབས་པས་མཆོག། (སྙོམས། བཟི་འབྲིང༌།)       
ཨ་གར་༢༠ རླུང་ཁྲག་འཐབ་དང་གཟའ་ནད་རྩ་དཀར་དང༌།།  སྲོག་རྩར་རླུང་ཞུགས་སྨྱོ་ལྐུགས་ཡན་ལག་སྦྲིད།།  རླུང་བུས་ཚ་བས་བྱེར་སོགས་ནད་རིགས་ལ།།  མན་ངག་འདི་ནི་བདུད་རྩི་ལྟ་བུ་ཡིན།།  (སྙོམས། བཟི་མེད།)
ཨ་གར་༣༥  གཉན་ཚད་རླུང་གསུམ་འཐབ་དང་རི་ཐང་མཚམས།།  གློ་སྐམ་ཐེས་སུད་གྲུབ་བུ་བར་རྟ་དང༌།།  སྙིང་ཚད་རླུང་ལྡན་རྣམས་ལ་བསྔགས་པ་སྟེ།།  སྨན་བཏང་ལོག་པའི་ཉེས་པ་འདིར་མི་འབྱུང༌།།  དེ་ཕྱིར་སྟོད་འཚངས་ངོས་མ་ཟིན་པ་ལ།།  ཉེས་མེད་ཡིན་ནོ་ཕན་པ་མྱོང་གྲུབ་གནད།།  (ཅུང་བསིལ། བཟི་ཅུང་ཡོད།)
ཨ་རུ་༡༠  མཁལ་མ་བསྣད་འགྲམས་ཆུ་སྲི་རྐེད་པ་འཁོར།།  བཤལ་འཕྱེས་མཁལ་ཚད་མ་ལུས་སེལ་བར་བྱེད།།  (ཅུང་བསིལ། བཟི་མེད།)
ཨ་རུ་༡༨ ཆུ་ཚན་འཕུལ་བཏང་བས།།  མཁལ་རྩ་འགྲམས་བྱེར་མཁལ་རྐེད་ན་བ་དང༌།།  ཚིགས་བྱེར་ལ་སོགས་མཁལ་ཚད་མ་ལུས་སེལ།།  (བསིལ། བཟི་འབྲིང༌།)
ཨ་ཁྱུང་(ཨ་རུ་༡༠ ཁྱུང་༥) གཞུང་བཞིན་ཆུ་སྐོལ་དབུལ།།  གྲང་ཁྲག་མཁལ་མའི་ནད་རིགས་དང༌།།  འབྲས་བུ་སྐྲངས་དང་ས་བོན་འཛག། རྐང་པ་བཤལ་ཞིང་འགྲོ་འདུག་དཀའ།།  དྲེག་གྲུམ་འབམ་དང་ཆུ་སེར་དང༌།།  མཁལ་ཚད་རྩ་འགྲམས་གཉན་རིགས་དང༌།།  རྩ་དཀར་རྩ་བསྣད་མ་ལུས་ལ།།  ཟབ་གནད་བདུད་རྩི་ལྟ་བུར་དགེ།།  (ཅུང་བསིལ། བཟི་ཅུང་ཡོད།)
ཨ་རུ་༧ མཆེར་པ་བསྣད་འགྲམས་ཚ་རྒྱས་སྦོས་འཇོམས།།  (ཅུང་བསིལ། བཟི་མེད།)
ཨ་ཞི། (ཨ་རུ་༧ ཞི་བྱེད་༦ ) གྲང་རླུང་རྐྱེན་གྱིས་ཕོ་ལོང་སྦོས་རྫིང་བྱེད།།  མཆེར་པ་བསྣད་འགྲམས་ཚ་རྒྱས་སྦོས་གཟེར་འཇོམས།།  (སྙོམས། བཟི་མེད།)
ཨར་ཁྱུང་། འགྲམས་འཁྲུགས་ཀླད་གཟེར་དང༌།།  སྙིང་ག་གཡུགས་ཤིང་དྲན་མེད་བརྒྱལ་བ་དང༌།།  ནུ་མ་སྐྲངས་སོགས་སྙིད་ཚད་སྙིང་གཟེར་འཇོམས།།  (སྙོམས། བཟི་ཅུང་ཡོད།)
[ཞུ་དག་བྱས་ཐུབ་མེད་པས་ཡིག་ནོར་ཡོད་ན་བཅོས་པར་འཚལ།]

No comments:

Post a Comment